རྩོམ་གསར།
ང་ཚོའི་དམ་པའི་ཆོས་ཏེ་བསམ་པ་བཟང་བོའི་བསླབ་བྱ་ཀུན་ལ་ བརྒྱུད་སྒྲོག་བྱེད་དགོས།
མཁན་ཚུལ་ཁྲིམས་བློ་གྲོས།
བོད་ནང་རྩོམ།

འགར་རྩེ་ཚུལ་ཁྲིམས། དེ་ཡང་འཛམ་གླིང་གི་རྒྱལ་ཁབ་ཆེ་ ཆུང་གང་ཡིན་ཡང་རང་རང་གི་རྒྱལ་ཁབ་སྲ་བརྟན་དང་། རང་རང་གི་དམིགས་འབེན་མངོན་དུ་འགྱུར་སླད་འགྲན་སེམས་དང་། གཡོ་སྦྱོར། ཕྲག་དོག རང་རྒྱལ་གཞན་ཕམ་སོགས་རང་རང་ས་ན་མེ་འབར་འབར་དང་ཆུ་འཁོལ་འཁོལ་བྱེད་བཞིན་ཡོད་ མོད།ཕྱི་ཚུལ་གྱིས་གཅིག་གཅིག་ལ་ཕན་སེམས་དང་།མཐུན་སྒྲིལ་ཞི་བདེ་ཞེས་མིག་ལ་ མཛེས་ཤིང་རྣ་བར་སྙན་པའི་སྣང་ཚུལ་ཞིག་བྱུང་བ་དང་འབྱུང་བཞིན་ཡོད། དེ་ཡང་ནང་སེམས་ཀྱི་བསམ་པ་རྣམ་དག་ཅིག་གིས་ཐོག་དྲངས་པ་མིན་ ལ་རྒྱལ་ཁབ་རང་རང་གི་ཐུན་མོང་མ་ཡིན་པའི་རྡུལ་ཕྲན་འབར་རྫས་དང་། དུག་སྦྱོར། ཉི་འོད་དང་མེ་ཁམས་ཀྱིས་ཐལ་བར་བཟོ་བའི་རྫས་སྦྱོར་སོགས་ལ་སྐྲག་ནས། གནས་སྐབས་སུ་ཞི་འཇམ་ཞི་བདེ་ཡི་ཐབས་ལམ་མི་བཤད་ཐབས་མེད་བྱུང་བ་རེད། དེས་ན་གོ་ལ་གཅིག་གི་ངོས་ནས་འཚོ་བའི་འགྲོ་བ་མི་སུ་ཡིན་ཡང་།ནམ་རྒྱུན་གཞན་ལ་ དོགས་ཤིང་གཞན་སྐྲག་ནས་བསྡོད་པ་ལས།རང་གཞན་ཡོངས་བདེ་སྐྱིད་ལམ་ལ་འགྲོ་བའི་ཐབས་ ལམ་ཡང་དག་པ་ཞིག་བྲེལ་བྲེལ་ངང་འཚོལ་དགོས། དེ་ཡང་ཕྱི་རོལ་གྱི་དཔལ་འབྱོར་དང་འཇིགས་སྣང་ལ་བསྟེན་ནས་འཚོལ་བ་མིན་པར། ནང་སེམས་པའི་སློབ་གསོ་འཐུས་ཚང་དུ་བཏང་ནས་འཛམ་གླིང་ཡོངས་མཛའ་བརྩེ་ དང་མཐུན་སྒྲིལ་ཁ་ཞེ་གཉིས་མེད་ངང་ཡོངས་དགོས། དེ་ལྟ་བུའི་ནང་བསམ་པའི་སློབ་གསོ་ནི་བོད་བརྒྱུད་ནང་བསྟན་སློབ་གསོ་ཡང་དག་པ་ འདི་ཡིན་པར། འཛམ་གླིང་ཚན་རིག་གི་འགྲོ་སྟངས་དང་ཉམས་མྱོང་ཁོང་དུ་ཆུད་པའི་གཟུར་གནས་མཁྱེན་ དཔྱོད་ཅན་དག་དང་། འགྲོ་བ་མིའི་རིགས་ཀྱི་སློབ་གསོ་ལ་ཆེད་དུ་དབྱེ་ཞིབ་བྱེད་པའི་ཆེད་ལས་མཁས་པ་ ཡོངས་ཀྱི་མཐར་ཐུག་གི་འདོད་མོས་དང་མི་སེམས་བཟང་ལམ་དུ་བསྒྱུར་བྱེད་ཀྱི་ཐབས་ འཕྲུལ་ཁྱད་འཕགས་ཞིག་ལ་ངོས་འཛིན་གནང་ཡོད། དེས་འགྲོ་པ་མི་སུ་ཞིག་ཡིན་རུང་རང་ཉིད་ཀྱི་བྱ་བཞག་ལ་རང་ཉིད་ཀྱིས་འདམ་གསེས་ བྱས་ཏེ། རང་ཉིད་འདི་བདེ་ཕྱི་བདེ་ཞིག་གི་ལམ་འགྲོ་ བའམ་ཡང་ན་འདི་སྡུག་ཕྱི་སྡུག་གི་སྣེ་མོར་འཇུ་བ་རང་གི་སེམས་ཀྱི་ལག་ན་ཡོད་ལས་ གཞན་རི་ཆུ་ཉི་ཟླ་དང་ཡང་ན་རང་གི་ཡན་ལག་སྙིང་ལག་གང་གིའང་དབང་ན་མེད། དེའི་ཕྱིར་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་ལག་མཐིལ་དུ་བཟུང་བ་ལྟ་བུའི་ མཁས་དབང་ཞང་སྟོན་མཆོག་གིས། ལག་པས་བདེ་བ་ཅན་ལ་འཕེན་མཁན་མེད།། རྐང་བས་བཟུང་ནས་དམྱལ་བར་འཕེན་མཁན་མེད།། རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད།། རང་ཉིད་རང་གིས་མི་བསླུ་ཤིན་ཏུ་གཅེས།། ཞེས་གསུངས་པ་ལྟར་ནང་བསྟན་ཤེས་རིག་གི་བསམ་པའི་བགྲོད་སྟངས་ལ་ཕྱོགས་ཞེན་སོགས་ ཀྱིས་མི་བསླད་པར་ཞིབ་དཔྱོད་ཡང་ཡང་བྱས་ཏེ།འགྲོ་བ་མིའི་བདེ་སྐྱིད་དང་རིང་གི་ བདེ་སྡུག་གང་ཡིན་ཡང་བསམ་པ་བཟང་བོ་འདི་ལ་ཐུག་ཡོད་པ་དང་། བསམ་པ་བཟང་བོ་དེ་ཡང་དམ་པའི་ཆོས་ཡིན་པས། དེ་མི་སུས་རྒྱུད་ལ་ལྡན་ན་དེའི་ལུས་ངག་གི་སྤྱོད་པ་ཐམས་ཅད་བཟང་ཕྱོགས་སུ་གྱུར་ ནས། གཞན་ལ་འཚེ་བ་བྲལ་ཞིང་བྱམས་སྙིང་རྗེ་སོགས་བསམ་པ་བཟང་པོ་ཡི་རིན་ཐང་གཞལ་དུ་ མེད་པ་འདི་ཡི་ནུས་མཐུ་མངོན་དུ་གྱུར་པ་ཡིན། དེའི་ཕྱིར། ང་ཚོའི་འགྲོ་བ་མི་སུ་ཞིག་ཡིན་རུང་བསམ་པ་བཟང་པོ་ལས་ལྷག་པའི་རིན་པོ་ཆེ་མེད་པ་ ངོ་ཤེས་ནས། དེ་བརྩོན་ལེན་དང་བརྩི་བཀུར་བྱས་ན་ང་ཚོ་ཚང་མས་འཛམ་གླིང་ཞི་བདེ་དང་རང་སེམས་ བདེ་སྐྱིད་ལ་རོལ་ཐུབ་པ་ཡིན་ཏེ། དུས་ཀྱི་བསྟན་སྒྲོན་ཡོངས་འཛིན་ཐེག་མཆོག་ཞབས་ཀྱིས། དམ་པའི་ཆོས་ནི་བསམ་པ་བཟང་བོ་སྟེ།། དེ་བཟང་ལུས་ངག་སྤྱོད་པ་བཟང་བོས་འགྱུར།། རི་ལ་རིན་ཐང་ཆེ་བའི་དངོས་བོ་ནི།། བསམ་པ་བཟང་བོ་ལས་ལྷག་ཡོད་མ་ཡིན།། ཞེས་གསུངས་པ་འདིས་འགྲོ་བ་མིའི་རིགས་ཀྱིས་བསམ་པ་བཟང་པོ་ལ་འབད་དགོས་པའི་སྡོམ་ ཚིག་ཅིག་བཞག་ཡོད་པར་མ་ཟད། རང་ལྟ་མཆོག་འཛིན་དང་སྤྱི་དོར་རང་ཕན་ལ་དགའ་བས། སྙིང་རྗེ་དང་གཞན་ཕན་མཁོ་མེད་དུ་སྨྲ་བ་ཚོར་རྡོག་གཅིག་གི་ཕྲེང་སྒོ་དགུ་ཆོད་ ཀྱིས་ཚུལ་དུ་དོན་དངོས་དང་མཐུན་པའི་བཀའ་ཕེབས་པ་རེད། ཟབ་རྒྱས་རིག་གཞུང་ཡ་རབས་གོམས་སྲོལ་གྱིས།། བོད་ཅེས་བྱ་བའི་མི་གཤིས་རྩ་ཆེ་བས།། གྲོང་ཁྱེར་གཅིག་གི་གྲངས་ལ་མི་དོ་ཡང་།། དབུལ་ཕྱུག་རྒྱལ་ཁབ་ཕལ་ཆེར་སྨོན་པ་ཤོར།། ཞེས་ཟབ་པ་དང་རྒྱ་ཆེ་བའི་བསམ་བློའི་རིག་གཞུང་སྟེ་དམ་པའི་ཆོས་ཀྱི་བསླབ་བྱ་ལ་ ཡུན་རིང་གོམས་པའི་རྐྱེན་གྱིས་ཤ་ཟ་ཁྲག་འཐུང་གི་ལས་ལ་རོལ་བའི་གཏུམ་པོ་གདོང་ དམར་བོད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མཐའ་དག་བསམ་པ་བཟང་པོ་སྟེ་དམ་པའི་ ཆོས་ཀྱིས་བསྒྱུར་ནས་ད་ཆ་བོད་ཅེས་བྱ་བའི་མི་གཤིས་རྩ་ཆེན་འདི་མི་གྲངས་ཀྱི་ཐད་ ནས་གྲོང་ཁྱེར་ཞིག་གི་མི་གྲངས་ལའང་མི་དོ་ཡང་།འཛམ་གླིང་གི་བསམ་བློ་ཚན་རིག་ དཔལ་འབྱོར་གང་ཐད་ནས་སྔོན་ཐོན་གྱི་ཡང་རྩེར་བསྙེགས་པའི་རྒྱལ་ཁབ་དང་།དེ་དག་གང་ ཡང་མི་འཛོམས་པའི་རྒྱལ་ཁབ་ཕལ་ཆེ་བའི་དེང་སྐབས་རྗེས་ལུས་ཀྱི་གྲས་སུ་བགྲང་བའི་ བོད་མི་རིགས་འདི་ཆེས་ཡི་རང་དང་སྨོན་པ་ཤོར་བའི་རྩ་བ་ཡང་བསམ་པ་བཟང་བོ་སྟེ། དམ་པའི་ཆོས་ཀྱི་སློབ་གསོ་འདི་ལ་ཐུག་ཡོད། དེ་ལྟ་བུའི་སློབ་གསོ་སྒྲུབ་པ་ལ་བློ་ལྡན་གྱི་སྐྱེ་བོ་སུ་ཡིན་ཡང་རྒྱུན་པར་ མཁས་པ་དང་སྤྱི་སེམས་ཅན་ཡོངས་ལ་གྲོས་བྱས་ཏེ། བྱ་བཞག་ལེགས་འགྲུབ་ཡོངས་ན་གཟུར་གནས་ཡོངས་ཀྱིས་བསྟོད་སྔགས་བྱེད་པ་ལྟ་ཅི་ སྨོས། མ་འགྲུབ་ནའང་ཀུན་གྱི་མིག་ལ་མཛེས་པ་ཡིན་ཏེ།ས་པཎ་གྱིས། བློ་ལྡན་བྱ་བ་ཅུང་ཟད་ཀྱང་།། རྒྱུན་ཏུ་གྲོས་ཀྱིས་བསྒྲུབ་པའི་རྒྱུ།། འགྲུབ་པར་གྱུར་ན་ལྟ་ཅི་སྨྲོས།། མ་འགྲུབ་ན་ཡང་མཛེས་པའི་རྒྱུ།། གསུངས་པ་ལྟར་བོད་རིགས་པའི་ཡང་སྙིང་དམ་པའི་ཆོས་ཏེ།བསམ་པ་བཟང་པོ་འདི་མཛའ་ མཐུན་དང་འགྲོ་བ་མིའི་རིགས་ལ་ར་སྤྲོད་བྱེད་པ་ལ་ཐོག་མར། བོད་རིག་པ་སྨྲ་པ་པོ་སྤྱི་དང་། ཁྱད་པར་ཤ་རུས་ཁྲག་གསུམ་བོད་ཡིན་པའི་ལས་བྱེད་པ་དང་སློབ་གྲྭ་བ། ས་དགེ་རྙིང་གསུམ་གྱི་གྲྭ་བ་བཙུན་མ་སུ་ཡིན་ཡང་། གྲུབ་མཐའི་རྩོད་གླེང་དང་སྲོལ་རྒྱུན་དང་གསར་གཏོད་མཁྲེགས་འཛིན་གྱི་ལྟ་སྟངས་ ཡོངས་སུ་དོར་ནས་གཅིག་མཐུན་ངང་བོད་རིག་པའི་ཡང་སྙིང་འདི་ཐུབ་པ་བཅོམ་ལྡན་འདས་ ཀྱི་དགོངས་པ་དང་ཡང་མཐུན། དུས་རབས་ཀྱི་ཁ་ཕྱོགས་དང་ཡང་མཐུན་པར་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་གཏོང་དགོས། དེ་ལྟར་གཏོང་བ་ལ་བོད་བརྒྱུད་ནང་བསྟན་པ་དག་གིས་ཆོས་ཡང་དག་པ་དང་ཆོས་རྫུན་མའི་ ཁྱད་པར་དང་། ཆོས་པ་ཡང་དག་དང་ཆོས་པ་རྫུན་མའི་ཁྱད་སོགས་ལེགས་པར་ཕྱེ་སྟེ། དུས་མཐའ་འདི་ལ་སངས་རྒྱས་ཀྱི་བསྟན་པའི་ངང་ཚུལ་ཏེ་སྙིང་ རྗེ་དང་། བསྟན་པའི་སྙིང་བོ་སྟེ་ཟབ་མོ་སྟོང་བ་ཉིད་སོགས་ལེགས་པར་ཤེས་ནས་བཅོས་མིན་ནང་ གི་བསམ་པ་བཟང་བོའི་སྐུལ་མ་ལ་བསྟེན་ནས་ཀུན་གྱིས་གཅིག་ན་སངས་རྒྱས་ཀྱི་བསྟན་པ་ དར་རྒྱས་དང་། གཉིས་ན་སེམས་ཅན་གྱི་བདེ་སྐྱིད་ཡུན་ གནས། གསུམ་ན་རང་གཞན་ཡོངས་མཐར་ཐུག་གི་མྱང་འདས་ལ་རོལ་ཐུབ་པའི་ཐབས་ལ་འབད་དགོས་པ་ལས། དམ་ཆོས་ལོག་སྒྲུབ་བྱས་ཏེ་འཕགས་ལམ་མ་ཐོབ་ཀྱང་ཐོབ་ཁུལ། དགྲ་བཅོམ་པའི་རྟོགས་པ་མི་མངའ་ཡང་མངའ་ཁུལ། བླ་མ་མིན་ཀྱང་ཡིན་ཁུལ། མངོན་ཤེས་མེད་ཀྱང་ཡོད་ཁུལ་སོགས་བཤད་ནས། ཆོས་དད་དམངས་ཚོགས་དང་གཟུར་གནས་ཞིབ་དཔྱོད་པ་ཡོངས་མགོ་རྨོངས་པར་བཏང་ན། སངས་རྒྱས་ཀྱི་བསྟན་པ་ཕྱི་རོལ་གྱི་དགྲ་ཡིས་མི་འཇིག་པར་དེ་འཛིན་སྐྱོང་སྤེལ་ གསུམ་བྱེད་པར་རློམ་པའི་སྐྱེས་པོ་གང་མང་ཞིག་གིས་བརླག་པ་ཡིན་ཏེ། བརྩེ་བའི་བདག་ཉིད་ཐུབ་པ་སངས་རྒྱས་ཀྱིས། ང་ཡི་བསྟན་པ་སེངྒེ་རོ་དང་འདྲ།། ཞེས་གསུངས་པ་ལྟར་རི་དྭགས་ཀྱི་རྒྱལ་བོ་སེངྒེ་ཤི་ཡང་སྲོག་ཆགས་གཞན་གྱིས་རོ་ ལའང་གནོད་འཚེ་བྱེད་མི་ཐུབ་མོད། འོན་ཀྱང་སེངྒེ་རང་གི་ལུས་སྟེང་གི་སྲིན་འབུས་འཇིགས་པ་བཞིན། རྒྱལ་བའི་བསྟན་པ་འདིའང་ཕྱི་རོལ་གྱི་ལྟ་བ་སྣ་ཚོགས་ཀྱིས་དགག་བཞག་སོགས་གང་གིས་ ཀྱང་གནུབས་མི་ནུས་ལ། དེ་འཛིན་གྱི་སྐྱེས་བོ་དག་གིས་ནང་ནས་འཇིགས་པར་བྱེད་པ་ཡིན། དེའི་ཕྱིར་སློབ་དཔོན་དབྱུག་གཉེན་གྱིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།། དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་ན།། དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི།། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།། ཞེས་དང་། ས་པན་གྱིས་ཀྱང་། ཆེན་པོ་རྣམས་ལ་དགྲ་བས་ཀྱང་། རང་གི་འཁོར་གྱིས་གནོད་པ་མང་།། སེང་གེ་ལུས་ཀྱི་འབུ་མིན་པ།། སྲོག་ཆགས་གཞན་གྱིས་ག་ལ་ཟ།། ཞེས་གསུངས་པ་ལྟར་གདུལ་བྱ་རྣམས་ལ་རྣམ་གྲོལ་གྱི་ལམ་དང་ལམ་མ་ཡིན་པའི་རྣམ་དབྱེ་ ལེགས་པར་སྟོན་པའི་སྟོན་པ་འཇིག་རྟེན་མིག་སྟེ་ཐུབ་པ་སངས་རྒྱས་སྐུ་མྱ་ངན་ལས་ འདས་པ་ན། ཁོང་ལས་གཞན་ཆོས་ཀྱི་དབང་བོར་གྱུར་པ་འཕགས་པ་འོད་སྲུང་སོགས་ཀྱང་ཕལ་ཆེར་མྱ་ངན་ ལས་འདས་པ་ན། དེ་དག་ལ་ཐབས་བརྒྱ་ཇུས་སྟོང་གིས་ཕམ་ཁ་སྤྲད་དེ། ཆོས་པའི་བརྟུལ་ཞུགས་ལ་གནས་པའི་ནང་ན་བསྟན་པ་དཀྲུགས་མཁན་དང་འཛིན་མཁན་གཉིས་ལས་ འཛིན་མཁན་ལ་དག་ཐེར་བྱེད་དགོས་པར་མ་ཟད་ཆོས་པ་རྣལ་མ་ཁོང་ཚོས་ཀྱང་བག་ཡོད་པའི་ སྒོ་ནས་རང་རང་གི་རྣལ་འབྱོར་རམ་ཡང་ན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་ལ་ འབད་དགོས་ཏེ། ཇི་སྐད་དུ་སོ་སོར་བའི་མོད་ལས། ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་ འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ།། ཞེས་གསུངས་པ་བག་ཡོད་པའི་སྒོ་ནས་དམ་པའི་ཆོས་ཏེ་བསམ་པ་བཟང་བོ་འདིར་ རང་རྐང་རང་་གིས་བཟུང་བ་ལ་རྟག་པར་བརྩོན་ཏེ། ཆོས་སྲིད་གང་ཐད་ནས་ནམ་ལངས་པ་ལྟ་བུའི་མཁས་པ་དག་གི་རྗེས་སུ་འབྲངས་ནས། རང་རིགས་ཀྱི་ནང་བསྟན་ཤེས་རིག་གཙོ་བོ་ཡིན་པའི་སྲོལ་རྒྱུན་རིག་གཞུང་གང་ལེགས་ འཛིན་སྐྱོང་སྤེལ་གསུམ་བྱེད་ན། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལའང་ལྟ་རིན་དང་གླེང་རིན་ཡོད་པ་ཞིག་ཡིན་པར་མ་ཟད། མི་རིགས་ཀྱི་མངའ་ཐང་སོགས་ཀྱང་ཡར་རྒྱས་སུ་འགྲོ་བ་ཡིན་ཏེ། ཡོངས་འཛིན་ཨ་བྷྱལ་སྤྱིའི་ཚོང་ར་རང་ལ་གང་བབས་ལས་ན་གཅིག་ལ་བརྩོན། ཉམས་མྱོང་ཅན་དང་དང་མཁས་པའི་རྗེས་སུ་འབྲངས།། རིགས་ཀྱི་སྲོལ་རྒྱུན་འཛིན་སྐྱོང་སྤེལ་བྱེད་ན།། མི་རིགས་མངའ་ཐང་དབྱར་གྱི་མཚོ་བཞིན་འཕེལ།། ཞེས་གསུངས་པ་ལྟར་ལུང་རིགས་གཉིས་ཀྱི་སྒོས་ཞིབ་བསྡུར་ཇི་ལྟར་བྱས་ཀྱང་ཞི་དོར་ འདི་ལས་ལོགས་སུ་མེད་དོ།། དེའི་ཕྱིར་གཞུང་ལུགས་གཏིང་ཟབ་ཅིང་ལམ་ལུགས་ཞིབ་སྟེ་བསམ་པ་བཟང་བོ་འམ་དམ་པའི་ ཆོས་ལ་མི་དགའ་བའི་རྒྱལ་ཁམས་དང་མི་རིགས་དག་ཕྱི་ཚུལ་ཙམ་ལས་གཞན་ཕན་སྒྲུབ་པ་ དང་། མཛའ་བརྩེ་ཆེ་བ། གཅིག་གྱུར་གྱི་ལྟ་ཚུལ་སོགས་མེད། ཅིའི་ཕྱིར་ཞེ་ན། གཞན་ཕན་ལྷག་བསམ་གྱི་བསམ་པ་བཟང་བོ་མེད་པས་ལན་པ་རེད། མདོར་ན་ང་ཚོའི་རང་རིགས་ཡོངས་ཀྱིས་དམ་པའི་ཆོས་སྟེ་བསམ་པ་བཟང་བོ་འདི་ལ་མི་ མཐུད་དུ་སློབ་སྦྱོང་བྱས་ནས། བསམ་དངོས་གང་ཐད་ནས་གཞན་ཡིད་ལྕགས་ཀྱུ་མེད་པར་འགུག་ཐུབ་པའི་ནུས་ཤུགས་འདོན་ སྤྲོད་བྱེད་དགོས་པར་མ་ཟད། འཛམ་གླིང་ཞི་བདེ་དང་འཛམ་གླིང་དར་རྒྱས་ཀྱི་ཆེད་དུ་སྙིང་སྟོབས་ཆེར་བསྐྱེད་དང་ དཀའ་ཚེགས་ཁྱད་གསོད་སྒོས་དམ་པའི་ཆོས་ཏེ་བསམ་པ་བཟང་བོའི་སློབ་གསོ་རྒྱ་མཚོ་ ཆེན་པོའི་རྦ་རླབས་ཇི་བཞིན་དུས་ལས་ཡོལ་བ་མེད་པར་བརྒྱུད་སྒྲོ་བྱེད་དགོས།། །།

 

པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )